Showing posts with label ཁང་ཚན་ཤེས་ཡོན་དང་འབྲེལ་བའི་ལས་འཆར།. Show all posts
Showing posts with label ཁང་ཚན་ཤེས་ཡོན་དང་འབྲེལ་བའི་ལས་འཆར།. Show all posts

Monday, 13 June 2016

ཁང་ཚན་ཤེས་ཡོན་དང་འབྲེལ་བའི་ལས་འཆར།

    They got Award for the outstanding achievement in memorisation of classical texts.   Congratulation to all of u.    Keep it up.


འཛམ་བུ་གླིང་པའི་བྱམས་བརྩེའི་མངའ་བདག ཤར་ནུབ་ཡོངས་ཀྱི་མ་འདྲིས་པའི་མཛའ་ཤེས། རང་ཅག་གངས་ཅན་པ་རྣམས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པའི་གྱ་སྟོན་སྲུང་བརྩི་ཞུས་པ་ནས་བཟུང་འདི་ལོ་བར་སྤྱིར་འཛམ་གླིང་ཡུལ་གྲུ་གང་སར་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལས་འགུལ་མང་དག་སྤེལ་ཡོད་ལ། ལྷག་པར་དུ་རི་བོ་དགེ་ལྡན་པའི་གདན་ས་སེར་འབྲས་དགའ་གསུམ་གཙོ་བོར་གྱུར་བའི་དགེ་ལུགས་ཡོངས་ཀྱིས་ཀྱང་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་གཞུང་ཆེན་ཁག་ལ་བགྲོ་གླེང་དང་། མ་ཟད་གདན་ས་ཁག་གི་ནང་བཀའ་པོད་ལྔའི་རྩ་བ་དང་། དེ་བཞིན་འགྲེལ་པ་དོན་གསལ། དྲང་ངེས་ལེགས་བཤད་སྙིང་པོ། དབུ་མ་རིགས་ཚོགས་དྲུག་ལ་སོགས་པའི་བློ་འཛིན་རྒྱུགས་ཕུལ་ཚད་ལྡན་སྤྲོད་མཁན་ཇི་ཡོད་མགོན་པོ་གང་ལ་སྙན་གསེང་ཞུས་ཡོད་པའི་ཁོངས། འདི་ག་དགའ་ལྡན་ཤར་རྩེ་ལྷོ་པ་ཁང་ཚན་གྱི་སློབ་གཉེར་བ་ཁག་གཅིག་གིས་ཉིན་ཞག་ཟླ་ལ་བརྒྱུད། ཟླ་བ་ལོ་ལ་བརྒྱུད་ནས་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ལ་རྩེ་གཅིག་ཏུ་གཞོལ་བའི་འབྲས་རྟགས་སུ་གཞུང་ཆེན་ཁག་གི་རྩ་བ། སྤྱོད་འཇུག་ཆེན་མོ། འགྲེལ་བ་དོན་གསལ། དྲང་ངེས་ལེགས་བཤད་སྙིང་པོ་སོགས་ཚད་དང་ལྡན་པའི་རྒྱུགས་ཕུལ་ཟིན་པ་རྣམས་ལ་ད་རེས་རྒྱལ་བའི་བཀའ་དྲིན་རྗེས་དྲན་ལྷན་ཚོགས་ཀྱིས་ཟེངས་རྟགས་བྱ་དགའ་ཐོབ་ཡོད། དེར་བརྟེན་རང་ཁོངས་ཀྱི་དགེ་འདུན་པ་ཡོངས་ནས་ཁྱེད་ཅག་རྣམས་ལ་སྙིང་ཐག་པ་ནས་འཚམས་འདྲི་དང་། ཐུགས་རྗེ་བླ་མེད་དུ་ཆེ་ཞུ་བ་དང་སྦྲགས།  ཁྱེད་རྣམས་ཀྱི་༸རྒྱལ་བ་དགྱེས་པའི་དགེ་རྩ་རླབས་པོ་ཆེ་འདི་ལ་བརྟེན་ནས་འཛམ་གླིང་ཞི་བདེའི་ཁྱབ་པ། ཤེས་རབ་ཀྱི་སྣང་བ་རྒྱས་པ།  གཞིས་བྱེས་ལྷན་འཛོམས་ཡོང་བ། སླད་དུ་ཁྱེད་རྣམས་ཀྱི་གཙོས་རིས་མེད་སློབ་གཉེར་བ་ཡོངས་ཀྱི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང་། བསླབ་པ་སློབ་གཉེར་མཐར་ཕྱིན་པའི་རྒྱུར་འགྱུར་པའི་རེ་འདུན་ཤུགས་དྲག་བཅས། དགའ་ཤར་ལྷོ་པ་ཁང་ཚན་ནས།